中文版 英文版

དགོན་པའི་ངོ་སྲོད།

དགོན་པའི་ངོ་སྲོད། གྲ་དགོ་ཕྱེ་ས། > དགོན་པའི་ངོ་སྲོད། > དགོན་པའི་ངོ་སྲོད།

༄༅། །ཉག་རོང་མཚོ་ཁ་ཨཱརྱ་གླིང་གི་ཆོས་འབྱུང་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་གསལ་བའི་སྒྲོན་མེ་

ཞེས་བྱ་བ་བཞུགས་སོ། །


 简介1.jpg

 

ཨོཾ་སྭ་སྟི། 

རྨད་བྱུང་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང་། །

མཚན་དཔེས་བརྒྱན་པའི་ཐུབ་དབང་ཤཱཀྱའི་ཏོག །

སྲིད་ཞིའི་མཐའ་ལས་རྣམ་པར་གྲོལ་བའི་སྐུ། །

སྟོན་མཆོག་ཐུབ་པའི་དབང་པོ་གཙུག་ན་རྒྱལ། །

 

གང་གི་ལེགས་གསུང་བདུད་རྩིའི་རྒྱ་མཚོའི་བཅུད། །

བསིལ་ལྡན་ཁ་བའི་ལྗོངས་འདིར་འཁྱིལ་བ་ལས། །

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་ཡོངས་གྲགས་པའི། །

བསྟན་དང་བསྟན་འཛིན་ཚོགས་ལ་ཕྱག་གིས་བགྱི། །

 

སྔོན་བྱོན་གྲུབ་ཆེན་ཏེ་ལོ་ན་རོ་སོགས། །

བརྒྱུད་པའི་བཀའ་སྲོལ་ཐབས་ལམ་ཆོས་དྲུག་དང་། །

གྲོལ་ལམ་ཕྱག་རྒྱ་ཆེན་པོ་ཉམས་བཞེས་པའི། །

མགྲོ་མགོན་བཀའ་བརྒྱུད་བླ་མར་ཕྱག་གིས་མཆོད། །


ཅེས་ལྷ་དང་བླ་མ་བརྒྱུད་པ་དང་བཅས་པ་ལ་མཆོད་པར་བརྗོད་པ་ཅུང་ཟད་ཙམ་གྱིས་ངག་གི་སྒོ་འཕར་ཡངས་པོར་ཕྱེས་ཏེ། གང་ཞིག་གླེང་བར་བྱ་སྐབས་སུ་བབ་པའི་དོན་ནི། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་ཆོས་འབྱུང་རྒྱས་པར་ནི་གཞན་ལས་ཤེས་པས་ཡིག་ཚོགས་བསྐྱུངས་ཕྱིར་འདིར་མི་སྤྲོ་འོ། །ཐོག་མར་མཚོ་ཁ་ཨཱརྱ་གླིང་ཇི་ལྟར་ཆགས་ཚུལ་མདོ་ཙམ་བརྗོད་ན། དེ་ཡང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་སྲོལ་གཏོད་པ་ཆེན་པོ། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ནས་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀ་ཏེ་ལོ་པ་ལ་བརྒྱུད། དེ་ལས་ན་རོ་པ་དང་། དེ་ལས་གངས་ལྗོངས་བཀའ་བརྒྱུད་བསྟན་པའི་ཆུ་འགོ་མར་པ་ལོ་ཙཱ་ལ་བཀའ་བབ་བཞིའི་མན་ངག རྒྱུད་སྡེ་བཞིའི་གདམས་པ་རྫོགས་པར་བསྩལ། དེ་ལྟར་བཀའ་བརྒྱུད་བསྟན་པའི་བརྒྱུད་ཚུལ་ནི། གསོལ་འདེབས་ལས། རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་དང་། །མར་པ་མི་ལ་དྭགས་པོ་སྒམ་པོ་སོགས། །ཞེས་གསུངས་པ་ལྟར་བཀའ་བབ་བཞིའི་མན་ངག་དང་རྒྱུད་སྡེ་བཞིའི་གདམས་པ་རྣམས་མཉམ་མེད་དྭགས་པོ་པ་ལ་མ་བབ་པ་གཅིག་ཀྱང་མེད་ལ། དེ་ལས་མཉམ་མེད་དྭགས་པོ་ལྷ་རྗེ་ནི་རབ་བྱུང་དང་པོའི་ས་ལུག་ཏེ་སྤྱི་ལོ ༡༠༧༩ ལ་སྐུ་འཁྲུངས་ཤིང་། དེའི་དངོས་སློབ་ཀརྨ་པ་དུས་གསུམ་མཁྱེན་པ་ནི་རབ་བྱུང་གཉིས་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ ༡༡༡༠ སྐུ་བལྟམས་པ་དང་། ས་སྐྱའི་ཕག་མོ་གྲུབ་པ་དང་ཀ་དམ་པ་བདེ་གཤེགས་སོགས་དང་དུས་མཉམ་ཡིན་ཞིང་། དུས་གསུམ་མཁྱེན་པ་དགུང་ལོ་བཅུ་དགུའི་སྐབས་ཏེ་རབ་བྱུང་གཉིས་པའི་ས་སྦྲེལ་ལོར་དབུས་སུ་བྱོན་ཞིང་། དབུས་ཕྱོགས་སུ་འགྲོ་དོན་ཕྱོགས་མེད་བསྐྱངས་པ་དང་། ཀརྨ་བཀའ་བརྒྱུད་དམ་ཀཾ་ཚང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་པ་མང་བོ་ཕྱག་བཏབ་མཛད་ནས་ཀརྨ་བཀའ་བརྒྱུད་གྲུབ་མཐའི་སྲོལ་འཛིན་ཐོག་མ་དེ་ནས་བྱུང་།  ཕྱིས་སུ་ཁོང་དབུས་ཕྱོགས་སུ་ཕེབས་ནས་ལོ་ངོ་སུམ་ཅུའི་རིང་ལ་བཞུགས། འདིའི་མཚམས་སུ་འཕགས་པ་ཀླུ་ཡི་སྒྱུ་འཕྲུལ་ཐར་པ་རྒྱལ་མཚན་འབྲུག་ཡུལ་དུ་སྐུ་འཁྲུངས་ནས། སྐུ་ན་གཞོན་པའི་དུས་ནས་དད་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྷན་སྐྱེས་སུ་མངའ་ཞིང་ཤེས་རབ་དང་བརྩོན་འགྲུས་ཆེ་བ། རྒྱལ་ཁམས་ངེས་མེད་འགྲིམ་ཞིང་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཤིན་ཏུ་མོས་པའི་སྐབས། རྗེ་དུས་གསུམ་མཁྱེན་པ་དང་མཇལ་ཞིང་དབུས་གཙང་ནས་ཁམས་ཀྱི་ཕྱོགས་སུ་བྱོན། དུས་གསུམ་མཁྱེན་པ་དགུང་ལོ་ང་ལྔ་སྟེ་རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་གྱི་ལོ་ལ་ཁམས་ཀྱི་ཀཾ་པོའི་གནས་སུ་ཕེབས་ཏེ་དེ་ནས་དགོན་པ་གསར་དུ་ཕྱག་བཏབ་མཛད། དགུང་གྲངས་དྲུག་ཅུ་སྟེ་རབ་བྱུང་གསུམ་པའི་ས་མོ་གླང་གི་ལོར་མདོ་སྤང་ཕུག་དགོན་པ་བཏབ། སྐབས་དེར་ཐར་པ་རྒྱལ་མཚན་གྱིས་དཔལ་ཀརྨ་པའི་རང་ལུགས་འཛིན་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཀརྨ་པ་དུས་གསུམ་མཁྱེན་པའི་དྲུང་ནས་ཐུན་མོང་ཐུན་མིན་གྱི་ཤེས་བྱའི་གནས་ཐམས་ཅད་ཐུགས་སུ་ཆུད་པར་མཛད། ཁྱད་པར་དུ་གྲོལ་ལམ་ཕྱག་རྫོགས་ཀྱི་རྟོགས་པའི་གྲོལ་ཚད་དང་ལྡན་ཞིང་། སྣང་སྲིད་ལ་མངའ་དབང་བསྒྱུར་པའི་གྲུབ་པའི་རྟགས་མཚན་ཅིར་ཡང་བསྟན་པར་བྱས་ནས་གྲུབ་པ་ལ་དབང་ཐོབ་པར་གྱུར། དེའི་སྐབས་ཁོང་སྔོན་སྨོན་ཐུགས་བསྐྱེད་བཟང་པོའི་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་ཏེ་བླ་མ་དུས་གསུམ་མཁྱེན་པས་དཔལ་ལྡན་བཀའ་བརྒྱུད་པའི་བསྟན་པའི་སྲོལ་གཙང་མར་འཛིན་པའི་དགོན་པ་ཞིག་གསར་འཛུགས་དགོས་པའི་བཀའ་བསྩལ་བས་ཁོང་ཉིད་དགོན་པ་གཞི་ཆགས་པའི་ས་གནད་བཙལ་བར་བྱོན། སྤྱིར་སྒྲུབ་པའི་གནས་ནི་ཡིད་དང་མཐུན་ཞིང་དགྲ་ཇག་སོགས་ཆོས་སྒྲུབ་པའི་འགལ་རྐྱེན་དུ་གྱུར་པའི་སྐྱེ་བོའི་རྒྱུ་འགྲུལ་དབེན་ཞིང་། ཅ་ཅོ་སོགས་རྣམ་གཡེངས་དང་འདུ་འཛི་མེད་པ། ས་གནད་ལེགས་ཤིང་ས་དཔྱད་ལེགས་པོར་འཛོམས་པའི་དབེན་གནས་བཀྲ་ཤིས་ཤིང་ས་དེར་གནས་བཅས་པའི་ཡུལ་ལྷ་གཞི་བདག་གཉུག་མར་གནས་པ་དང་བློ་བུར་ལྷག་པ་ཐམས་ཅད་དཀར་པོ་ཆོས་ལ་བློ་དཀར་བ། བླ་མ་དང་མཁའ་འགྲོ་གྲུབ་ཐོབ་གོང་མ་དག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན། དེ་ཡང་གངས་རི་དང་གཡའ་རྫ། དུར་ཁྲོད། མཚོ་གླིང་། ནགས་ཚལ། བྲག་རི་ལ་སོགས་པ་རང་བཞིན་གྱིས་གྲུབ་ཅིང་ལྟ་ན་སྡུག་པ། ས་བབ་མཐོ་ཞིང་ཆུ་བོ་གཙང་ལ་དྭངས་བསིལ་ཡན་ལག་བརྒྱད་ལྡན་ལྷང་ལྷང་དུ་འབབ་པ། ཉམས་དགའ་ཞིང་ཡིད་དུ་འོང་བའི་གནས་མཆོག་སྟེ་ད་ལྟ་དགོན་པ་གཞིས་ཆགས་པའི་ས་དེར་ཁོང་གིས་དགོན་ས་མཛད་པར་དགོངས། སྐབས་དེར་ཁོང་གི་ཐུགས་སུ་ས་དེར་སྤྱིར་སའི་དགེ་མཚན་ཀུན་རྫོགས་ཤིང་ཕུན་སུམ་ཚོགས་ན་ཡང་ད་དུང་ཉེ་འཁོར་དུ་མཚོ་ཞིག་ཡོད་ན་དེ་བས་ལེགས་དགོངས་ནས། ཁོང་ནི་སྣང་སྲིད་དག་མཉམ་སྒྱུ་མ་ལྟ་བུར་རྟོགས་ཤིང་རྫུ་འཕྲུལ་ཡ་མ་ཟུང་ལ་རང་དབང་འབྱོར་བའི་རྟོགས་པའི་རྣལ་འབྱོར་པ་ཡིན་པས་གྲུབ་རྟགས་བསྟན་ཏེ་ཉག་སྨད་ནམ་ཁང་ན་མཚོ་ཞིག་ཡོད་པ་དངོས་སུ་ཁོང་གི་ཆིབས་པ་དྲེལ་ཞིག་ཡོད་པ་དེ་ལ་བཀལ་ནས་འོང་སྐབས། རྨ་རིའི་ཉག་ཆུ་ཁ་རུ་བྱོན་དུས་ཉེ་གནས་གྲྭ་པ་ཞིག་ཡོད་པ་དེས་ད་ཆུའི་ཕར་ཁ་ལ་ཇི་ལྟར་བགྲོད་ནས་འགྲོ་ཞེས་དྲིས་པར་གྲུབ་ཐོབ་ཐར་པ་རྒྱལ་མཚན་གྱིས་དེ་མ་ཐག་ཏུ་ཕྱག་གཡས་པས་ལྕགས་ཚན་དེ་ཉག་ཆུའི་ངོས་ལ་ཐེངས་གཅིག་གཡུག་པས་ཆུ་ཕྱེད་གྱེན་དུ་སོང་ཞིང་ཆུ་ཕྱེད་ཐུར་དུ་གྱེས་པ་ན་གྲྭ་བས་དྲེལ་གྱི་སྣ་ཁྲིད་དེ་ཉག་ཆུ་བརྒལ། སྐབས་དེར་གྲུབ་རྗེ་རིན་པོ་ཆེ་ཐར་པ་རྒྱལ་མཚན་གྱིས་ད་ཆུ་འདིའི་ཞབས་ན་འཛམ་བུའི་ཆུ་གསེར་བྱུང་སྟེ་ངེད་ཅག་གཉིས་ཀྱི་སྐལ་བ་ཕོར་པ་འདིའི་གང་ཁྱེར་ལ་དེ་ཙམ་ལས་སྐལ་བ་མེད་ཅེས་གསུངས། གྲྭ་བ་དེས་བལྟས་པས་འཛམ་བུ་ཆུ་གསེར་ཆུའི་ཞབས་ན་མངོན་སུམ་དུ་མཐོང་སྟེ་ཕོར་བ་གང་ཁྱེར། དེ་ནས་ཡར་ཕྱིན་པའི་ལམ་བར་ནས་དྲེལ་གྱི་སྟེང་ནས་ཆུ་ཡི་ཐིགས་པ་གཅིག་ས་ལ་ལྷུང་བ་དེ་མཚོ་ཆུང་ཞིག་ཏུ་གྱུར།  མཚོ་ཆུང་དེ་ཡུལ་དེའི་གྲོང་མི་རྣམས་ལ་སྦྱིན་པ་ཡིན་ཞེས་གསུངས་པས། ད་ལྟ་གྲོང་བ་དེར་སྦྱིན་ཡུལ་ཞེས་མིང་དུ་ཆགས། དེ་ནས་ཡར་བྱོན་ཏེ་ད་ལྟ་དགོན་པ་གཞིས་ཆགས་པའི་ཉེ་འཁོར་དུ་སླེབས་ཚེ་ཡང་དྲེལ་སྟེང་ནས་ཆུ་ཐིགས་གཅིག་ས་ལ་ཟགས་པས་རིམ་གྱིས་མཚོ་ཆུང་ངུ་ཞིག་ཏུ་གྱུར། ས་དེ་ལ་ད་ལྟ་ཡང་མཚོ་ཆུང་ཞེས་འབོད། མཚོ་དེ་རྣམས་ད་ལྟ་ཡང་མངོན་སུམ་མིག་གི་དགའ་སྟོན་དུ་མཇལ་དུ་ཡོད། དེ་ནས་ཁོང་དཔོན་གཡོག་ཡར་བྱོན་ཏེ་གཡའ་རི་སེང་གེ་འགྱིང་བ་འདྲ་བའི་མདུན་དུ་སྤང་དང་ནགས་ཀློང་ཉམས་དགའ་ལ་ཡིད་དུ་འོང་བའི་གནས་ཤིག་ཏུ་ཕྱིན་སྐབས། ད་ལྟ་དགོན་པ་ཆགས་པའི་གཡོན་ཕྱོགས་ན་དབེན་པའི་གནས་མཆོག་བྲག་རི་བ་གམ་མཐོན་པོས་ཕྱོགས་ཀུན་ནས་ཡོངས་སུ་བསྐོར་བའི་གནས་བྱེ་སྒྲུབ་ཅེས་པ་དེ་ལ་ཁོང་གི་ཕྱག་མཛོད་གྲྭ་བ་དེས་དྲེལ་རྒྱབ་ཏུ་བཀལ་བའི་མཚོ་དེ་ས་དེ་རུ་བཞག་པས་དེ་མ་ཐག་མཚོ་ཆེན་པོ་ཞིག་ཏུ་འཁྱིལ། བླ་མའི་ཞལ་ནས་གནས་འདི་ནི་རྟེན་འབྲེལ་དུས་བབ་ཀྱི་དགོན་བཏབ་སའི་གནས་ཅུང་མིན་པ་འདྲ་བས་མཚོ་དེ་དེ་རུ་བཞག་པ་མ་ལེགས་སོ་ཞེས་གསུངས། དེ་ནས་གྲུབ་པའི་དབང་ཕྱུག་ཁོང་ནི་སྤྲུལ་བསྒྱུར་དང་རྫུ་འཕྲུལ་ལ་མངའ་དབང་འབྱོར་པ་དངོས་པོ་དངོས་མེད་དུ་བསྒྱུར་པ། ནམ་མཁའ་ལ་བྱ་ལྟར་འཕུར་བ། ས་འོག་ཏུ་བྱི་ལྟར་འཛུལ་བ། རྡོ་བ་འདམ་ལྟར་བརྫི་བ། ཕ་བོང་གཟན་དུ་གསོལ་བ་སོགས་གྲུབ་པའི་རྟགས་མཚན་མིག་འཕྲུལ་བཞིན་དུ་སྟོན་མཁན་ཞིག་ཡིན་པས། ཁོང་གི་ཡེ་ཤེས་ཀྱི་སྤྱན་གྱིས་ཕར་ཙམ་གཟིགས་པ་ན་ས་དེ་དང་ཅུང་ཐག་མི་རིང་བ་ན་སྤང་ལྗོངས་ཆེན་པོ་ཉམས་སྤྲོ་བ་ཉམས་རྟོགས་དང་ཏིང་འཛིན་འཕེལ་བར་བྱེད་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡོད་པ་དེ་ནི་ལུང་བསྟན་དང་རྟེན་འབྲེལ་ས་གནད་སོགས་ཡོངས་སུ་འཛོམས་པས་དགོན་ས་གནས་དེ་རུ་བཏབ་ན་མ་འོངས་པ་ན་དགོན་དེར་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་ཆེས་ཆེར་རྒྱས་པར་མཁྱེན་ནས། དེ་མ་ཐག་ཏུ་མཚོ་དེ་ཉིད་སླར་ཡང་གནས་དེ་རུ་ཁྲིད་པར་མཛད་པས་མཚོ་དེ་ཡང་སྔ་མ་ལས་ཀྱང་ཤིན་ཏུ་རྒྱ་ཆེ་བ་གཏིང་ཟབ་པ་ཞིག་ཏུ་འཁྱིལ་བར་གྲགས། དེ་ནས་ཁོང་གིས་དགོན་པ་གསར་དུ་ཕྱག་བཏབ་ནས་ཕྱིས་སུ་ས་མིང་དགོན་ལ་ཐོགས་ཏེ་མཚོ་ཁ་ཨཱརྱ་གླིང་ཞེས་མཚན་སྙན་པ་ཡོངས་སུ་གྲགས་པར་གྱུར། ད་ལྟའང་མཚོ་ཁྲིད་ལུང་ཤུལ་ཞེས་གྲགས་པ་མངོན་སུམ་མིག་གིས་མཐོང་དུ་ཡོད་པ་དེ་ཀའོ། །མཚོ་དེ་དང་ཐོག་འཁྱིལ་ཡོད་སའི་ས་ཆ་ནམ་ཁང་ཞེས་གྲགས་པ་དེ་ལ་ད་ལྟ་ཡང་རྒན་རབས་པ་དག་གི་ངག་རྒྱུན་དུ་མཚོ་ཁའི་མཚོ་ལེན་ས་ཞེས་བཤད། དེང་སྐབས་ས་དེའི་མིང་ལ་མཚོ་སྐམ་ཞེས་གྲགས། དེ་ཡང་གྲུབ་པའི་དབང་ཕྱུག་ཐར་པ་རྒྱལ་མཚན་མཆོག་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་སྤྲུལ་ཡིན་པས་མི་དང་མི་མིན་པའི་ཚོགས་རྣམས་དབང་དུ་བསྡུས་ནས། ཀླུ་གཉན་གདུག་པ་ཅན་རྣམས་ལ་བཀའ་བགོས་དམ་བཞག་མཛད། ཀླུ་ཡི་དགེ་བསྙེན་དུང་སྐྱོང་དཀར་པོ་ཞེས་པ་དེ་ཉིད་མཚོ་བདག་ཏུ་བཀའ་གཏད། གཞན་ཡང་ཀླུ་གཉན་གདུག་པ་ཅན་དག་གིས་དེང་ཕྱིན་ཆད་སེམས་ཅན་གཞན་སུ་དང་གང་ལ་ཡང་གནོད་པ་དང་གདུག་རྩུབ་མི་བྱེད་པའི་དམ་ལ་བཞག ཀླུ་གནས་ཀྱི་མཚོ་མགོར་རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་པའི་རྟགས་མཚན་མང་བོ་བསྟན། དེའི་སྐབས་སུ་ཁོང་གིས་ཐོལ་བྱུང་གི་ཚུལ་དུ་སྨོན་ཚིག་ཚན་པ་ཞིག་གསུངས་པ་འདི་ལྟ་སྟེ། ས་ཡི་དགེ་མཚན་ཀུན་ནས་ཚང་བའི་ཞིང་། །ཡིད་འོང་ཉམས་དགའ་གནས་མཆོག་དམ་པ་རུ། །དྭངས་བསིལ་ཡན་ལག་བརྒྱད་ལྡན་མཚོ་མོ་འཁྱིལ། །བདག་གིས་སྨོན་པའི་འབྲས་བུ་མྱུར་འགྲུབ་ཤོག །ཅེས་གསུངས་ཤིང་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བཟང་བོ་དུས་སུ་སྨིན་ནས་ཐོག་མར་གཙུག་ལག་ཁང་དངོས་སུ་བཞེངས་འགོ་ཚུགས། དེ་ཡང་ཐ་མ་ས་བསྟར་བ་ལས་རྡོ་ཁྱེར་མི་དགོས་པ་སོགས་རྫུ་འཕྲུལ་དུ་མ་བསྟན་ཏེ། ཀྭ་རིང་རྣམས་ཤིང་གཅིག་ལ་བཀལ་ཏེ་སེམས་ཡོད་ཀྱི་དུད་འགྲོ་བཞིན་དེད་ནས་འོང་བར་གྲགས། བཀལ་སའི་ཤིང་ཐུར་དེ་ད་ལྟ་ཡང་དད་པའི་རྟེན་དུ་མཇལ་དུ་ཡོད། དེ་ནས་རིམ་བཞིན་བརྟེན་གཙུག་ལག་ཁང་དང་རྟེན་པ་སྐུ་གསུང་ཐུགས་རྟེན་བཅས་ལེགས་པར་གྲུབ་ནས་མཚན་ལ་མཚོ་ཁ་ཨཱརྱ་གླིང་ཞེས་གསོལ། ཏཱའི་སི་ཏུ་ཉིད་བྱེད་ཆོས་ཀྱི་དབང་བོའི་མཚོ་ཁའི་གནས་ཡིག་ལས། ཤྲི་ག་ར་བེ། བོད་ཆེན་ཆུ་བཞི་སྒང་དྲུག་ཅེས་གྲགས་པའི། །གསེར་ལྡན་ཉག་ཆུ་དལ་གྱིས་བབས་པའི་ངོགས། །འཆི་མེད་པདྨ་ཀཱ་རས་བྱིན་བརླབས་པའི། །སྦས་ཡུལ་ཆེན་པོ་པདྨའི་མཛོད་ལྟ་བུ། །འཕགས་པ་ཀླུ་ཡི་སྒྱུ་འཕྲུལ་ཐར་པ་བས། །དང་བོ་གཞིར་བཟུང་ཞེས་པའི་ལུང་ཚིག་ལ་གཞིགས་ན་དགོན་འདི་ཐོག་མར་གཞི་འཛིན་པ་པོའམ་ཕྱག་འདེབས་པ་པོ་ནི་གྲུབ་ཐོབ་ཐར་པ་རྒྱལ་མཚན་ཡིན་པར་གསལ་བར་གྲུབ། དེ་ཕྱིར་འཕགས་པ་རྒྱ་མཚོའི་གླིང་གྱུར་པས། །ཨཱརྱ་གླིང་ཞེས་གྲགས་དེར་གུས་པས་འདུད། །ཅེས་གསུངས་པ་བཞིན་དང་ཐོག་དགོན་འདི་ལ་མཚོ་ཁ་ཨཱརྱ་གླིང་ཞེས་མཚན་གསོལ་བར་ཡང་གྲུབ་བོ། །རྒྱུ་མཚན་དེ་དག་ལ་ཁུངས་གཏུག་ན་དགོན་འདི་རབ་བྱུང་བཞི་བའི་མེ་ཡོས་ལ་ཕྱག་བཏབ་པར་ངེས། དགོན་འདི་གཞིས་ཆགས་ནས་ལོ ༨༡༡ ཙམ་དུ་ཟིན་ཡོད། དེ་ལྟར་འཕགས་པ་ཀླུ་ཡི་སྒྱུ་འཕྲུལ་ཆེན་པོ་གྲུབ་པའི་དབང་ཕྱུག་ཐར་པ་རྒྱལ་མཚན་གྱིས་གྲུབ་པའི་རྟགས་མཚན་རྡོ་ལ་ཞབས་རྗེས་བཞག་པ་དང་མཚོ་གནས་གཞི་དང་བཅས་པ་དྲེལ་ལ་བཀལ་བ་སོགས་མང་དུ་མཆིས་པར་མ་ཟད། ཁོང་ཉིད་ཆིབས་པ་དྲེལ་ལ་ཡང་ཁོང་གི་བྱིན་རླབས་ཀྱིས་རྫུ་འཕྲུལ་དུ་མ་སྟོན་ཐུབ་པར་གྲགས་ཏེ། རྡོ་ལ་དྲེལ་གྱི་རྨིག་རྗེས་བཞག་པ་སོགས་རྫུ་འཕྲུལ་གྱི་རྟགས་དུ་མ་ད་ལྟ་ཡང་མཐོང་དུ་ཡོད། གཞན་ཡང་རྗེ་འདི་ཉིད་ཀྱིས་དངོས་ཡོད་དང་དངོས་མེད་ཀྱི་སེམས་ཅན་ཀུན་གྱི་འགྲོ་དོན་རྒྱུན་མི་ཆད་པར་བྱས་སྟེ། དམྱལ་བའི་སེམས་ཅན་དུང་ཕྱུར་མང་བོ་ཐར་ལམ་ལ་འགོད་པར་གྲགས། ཉག་ཕྲུག་བྱང་ཆུབ་སེང་གེའི་འདས་ལོ་ལས། མཚོ་ཁའི་གྲུབ་བླ་ཐར་པ་རྒྱལ་མཚན་གྱིས་བེར་གོས་ཕུ་དུང་མ་ཞིག་མནབ་ཅིང་དབུ་ལ་ཞྭ་ཁྲ་ཞིག་གྱོན་བཞིན། ཕྱག་གཡས་པས་གྲི་གུག་དང་ཕྱག་གཡོན་པས་ཐོད་ཁྲག་འཛིན་པ། ཞལ་ནས་བདེ་མཆོག་གི་སྙིང་པོ་བཟླས་ནས་བྱུང་སྟེ།  སེམས་ཅན་དུང་ཕྱུར་མང་བོ་ཙམ་ཡར་ཐར་ལམ་དཀར་པོར་ཁྲིད་ཐལ། ངས་འདི་སུ་ཡིན་བསམ་དུས། འཇིག་རྟེན་དབང་ཕྱུག་གི་ཞལ་ནས། རྣལ་འབྱོར་པ་འདི་མཚོ་ཁ་ཐར་པ་རྒྱལ་མཚན་ཡིན་གསུངས། དེ་ལྟ་བུའི་རྣལ་འབྱོར་པ་ཆེན་པོ་འདི་གྲུབ་པའི་ས་མཐོར་གཤེགས་པའི་སྐྱེས་བུ་དམ་པ་ཉིད་དུ་ངེས་སོ། །དེས་ན་དགོན་གནས་འདི་བསྟན་སྲུང་བརྟན་མ་བཅུ་གཉིས་ལ་གཉེར་བཀའ་གཏད་དེ་ཐ་ཚིག་བཞག ད་ལྟར་མཚོ་ཡི་མཐའ་སྐོར་ན་ལྗོན་ཤིང་ཤིན་ཏུ་རིང་བ་བཅུ་གཉིས་ཡོད་པ་དེ་བརྟན་མ་བཅུ་གཉིས་ཡིན་ཞེས་ཟེར་བ་ད་དུང་ཡང་མ་ཉམས་པར་ཡོད། དེ་ལྟར་ཁོང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ལ་གནས་པའི་གང་ཟག་ཡིན་པས་ཆོས་སྐྱོང་སྲུང་མ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་དང་། སྡེ་བརྒྱད་མི་མ་ཡིན་རྣམས་བྲན་དུ་འཁོར་ཞིང་ཀླུ་གཉན་གདུག་པ་ཅན་རྣམས་ཀྱང་ཐུགས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ནས་དེང་ཕྱིན་བསྟན་འགྲོ་ལ་གནོད་པ་མི་བྱེད་པའི་དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་དུ་གྱུར་ཏོ། །དེ་ནས་བཀའ་བརྒྱུད་རིང་ལུགས་གཙང་མར་འཛིན་པ་མཚོ་ཁ་ཨཱརྱ་གླིང་གི་བསྟན་པ་འཕེལ་རྒྱས་སུ་གྱུར། 

རབ་བྱུང་བདུན་པའི་མེ་སྦྲུལ་ལ་ཀརྨ་ཁྲི་རབས་དྲུག་པ་མཐོང་བ་དོན་ལྡན་འཁྲུངས། ད་ནས་བརྩིས་ན་ལོ ༦༠༢ འདས་ཟིན། རྗེ་འདི་ཉིད་དགོན་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་སོགས་སི་ཏུའི་གནས་ཡིག་ལས། མཐོང་བ་དོན་ལྡན་མཆོག་གིས་བྱིན་གྱིས་བརླབས། །ཞེས་གསུངས་པ་ལྟར་་རོ། །དེ་ནས་རབ་བྱུང་བརྒྱད་པའི་ཤིང་ཁྱི་ལ་ཀརྨ་པ་སྐུ་འཁྲུངས་བདུན་པ་ཆོས་གྲགས་རྒྱ་མཚོ་སྐུ་འཁྲུངས། ད་བར་ལོ ༥༦༦ སོང་ཡོད། རྗེ་འདི་ཉིད་དགུང་ལོ་བཅུ་བཞི་མེ་ཕག་ལོར་ཉག་རོང་དུ་བྱོན་ནས་ཨཱརྱ་གླིང་སོགས་སུ་གཞན་ཕན་ཚད་མེད་མཛད་ཅེས་ཉིད་ཀྱི་རྣམ་ཐར་ལས་གསལ་ལོ། །དེས་ན་དགོན་འདི་ནི་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་མཛད་ཀྱང་བཀའ་བརྒྱུད་པའི་བསྟན་པ་སྨག་ལ་སྒྲོན་མེ་གཏེགས་པ་བཞིན་ཆེས་ཆེར་གསལ་བར་བྱས་སོ། །དེ་ལས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་མཆོག་ནི་དགོན་འདིར་བཞུགས་ཡུན་རིང་ཞིང་། མགོན་པོ་བེར་ནག་ཅན་གྱི་སྐུ་བརྙན་ཞིག་ཁོང་གིས་སྐུ་དངོས་དང་ཕྱག་དྲོན་མོས་བཟོས་པ་ཡིན་ལ། བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་དང་མཆོག་ཐུན་མོང་གི་དངོས་གྲུབ་འབད་མེད་དུ་སྩོལ་ནུས་པའི་ཕན་ཡོན་དང་ལྡན། ཡུལ་མདོ་ཁམས་ཀྱི་བྱིན་རླབས་ཆེས་ཆེ་བའི་རྟེན་རྙིང་གལ་འགངས་ཅན་དུ་གྲགས་སོ། །བདག་ཅག་ཡུལ་དགོན་ཀུན་གྱིས་སྐྱབས་གནས་མཆོག་ཏུ་འཛིན་པ་དང་དད་པའི་རྟེན་གཙོ་རིན་ཐང་བྲལ་བ་དེ་ཡིན། དེ་ཡང་དུས་ཆེན་རྣམས་ཀྱི་སྐབས་ཞལ་བསྒྱུར་པ་དང་གསུང་འབྱོན་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དངོས་སུ་མཐོང་ཐོས་སུ་ཡོད། གཞན་ཡང་རྗེ་འདི་ཉིད་ཀྱིས་སྡེ་དགོན་གཉིས་ཀྱི་དད་ལྡན་སློབ་ཚོགས་རྣམས་ལ་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་བསྩལ་ནས་ཐུགས་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་། དེ་ཡང་སི་ཏུའི་གནས་ཡིག་ལས། ཁྱད་པར་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཞབས། །ཡུན་རིང་བཞུགས་ཤིང་ནག་པོ་ཆེན་པོའི་སྐབས། །ཕྱག་གིས་བསྟར་ཞིང་ཆོས་འཁོར་རྒྱས་པར་མཛད། །ཅེས་གསུངས་པ་བཞིན་ནོ། །ཀརྨ་པ་སྐུ་ཕྲེང་བརྒྱད་པ་རྗེ་མི་བསྐྱོད་རྡོ་རྗེ་ནི་རབ་བྱུང་དགུ་བའི་མེ་ཡོས་ལ་སྐུ་འཁྲུངས། ད་ལྟའི་བར་ལོ ༥༡༢ འདས་ཡོད། ཁོང་ཉིད་དགུང་ལོ་བརྒྱད་པ་ཤིང་ཁྱི་ལ་ཁོང་གི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་མཐིལ་དགོན་འདིར་བྱོན་པ་སོགས་ནི་ཉིད་ཀྱི་རྣམ་ཐར་ལས་ཁང་དམར་དང་ཉག་རོང་མཚོ་ཁ་སོགས་སུ་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་མཛད་ཅེས་གསུངས་སོ། །དེ་ནས་ཀརྨ་པ་སྐུ་ཕྲེང་གཞན་རྣམས་ཀྱང་དགོན་འདིར་བྱོན་ནས་དགོན་འདིའི་གཙོས་བསྟན་འགྲོ་ལ་ཕན་བདེ་རྒྱ་ཆེར་མཛད་པ་ཁོང་རྣམས་ཀྱི་རྣམ་ཐར་གོང་འོག་ལས་གསལ་བར་གསུངས་པས་གྲུབ་བོ། །དེ་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོ་ལ་ཀརྨ་བསྟན་པའི་ཉིན་བྱེད་འཁྲུངས། ད་ལྟར་བར་ལོ ༢༩༣ འགོར་ཡོད། ཁོང་དགོན་འདིར་བྱོན་ཏེ་ཀུན་རིག་དང་ཕག་མོ་སྒྲུབ་མཆོད་ཆེད་དུ་རྟེན་བཞག་མཛད་པ་སོགས་ཉིད་ཀྱི་བཀའ་འབུམ་དུ་གསལ་བར་བཀོད་ཡོད། ཀརྨ་པ་སྐུ་རབས་བཅུ་བཞི་བ་ཐེག་མཆོག་རྡོ་རྗེ་དགོན་འདིར་བྱོན་ནས་རྟེན་གསུམ་ལ་རབ་གནས་མཛད་པ་སོགས་རྒན་རབས་རྣམས་ཀྱི་ངག་རྒྱན་ལས་ཐོས་པའོ། །གཞན་ཡང་ཀརྨ་པ་སྐུ་ཕྲེང་དུ་མ་དགོན་འདིར་བྱོན་པ་འདྲ་ཡང་རྣམ་ཐར་སོགས་ལས་གསལ་ཁ་མ་མཆིས་པས་དེ་ཙམ་གྱིས་འཐུས་པར་བྱས་སོ། །

དགོན་འདིར་སྔ་འགྱུར་རྙིང་མའི་ཉེ་བརྒྱུད་གཏེར་ཕྱོགས་ཀྱི་ཆོས་སྐོར་ཇི་ལྟར་དར་བའི་ཚུལ་ནི། 

རབ་བྱུང་བཅུ་པའི་ནང་ཚན་ཤིང་མོ་གླིང་གི་ལོ་ལ་ཀློང་གསལ་སྙིང་པོ་སྐུ་འཁྲུངས། ལོ་ངོ་སུམ་བརྒྱ་དྲུག་ཅུ་རེ་གསུམ། དེ་ཡི་དངོས་སློབ་ཆོས་བདག་ནི་མཚོ་ཁ་ཆོས་ཉིད་རང་གྲོལ་ཡིན། ཀློང་གསལ་སྙིང་པོ་གང་ཉིད་མཚོ་ཁར་སྤྱན་དྲངས། ཆུ་ཁ་གོང་ལྡིང་བླ་བྲང་དུ་གུ་རུའི་སྐུ་མདའ་ཚད་མ་བཞེངས་པར་མཛད། བྱིན་རླབས་ཆེ་བར་གྲགས། བདུད་ཀློང་གཏེར་ཆོས་མཚོ་ཁ་ཡུལ་དགོན་དུ་ད་ལྟའི་བར་དར་བར་བྱུང་། རབ་བྱུང་བཅུ་གཅིག་པའི་ནང་ཚན་ཤིང་མོ་ལུག་ལ་སྟག་ཤམ་ནུས་ལྡན་རྡོ་རྗེ་འཁྲུངས། ༣༤༧ དེ་ཡི་དངོས་སློབ་ཆོས་བདག་ནི་འོད་ཕུང་དགོན་གྱི་བླ་མ་བསམ་གཏན་བསྟན་འཛིན་ཡིན་པས་ཡི་དམ་དགོངས་འདུས་ཀྱི་བསྟན་པ་དར་རྒྱས་སུ་ཕྱིན། དང་པོ་འོད་ཕུང་དགོན། གཉིས་པ་མཚོ་ཁ་དགོན། གསུམ་པ་རབ་རྒྱས་དགོན་དུ་བྱུང་། ད་ལྟའི་བར་ཆོས་རྒྱུད་མ་ཆད་པར་གནས་སོ། །གོང་བཤད་རི་ཁྲོད་པ་སོགས་ཟབ་གཏེར་འདི་དག་གི་རྒྱུན་ཀྱང་ཡིན་ནོ། །དེ་ལྟར་ཆོས་འབྱུང་ཉུང་ཐོས་རགས་བསྡུས་འདི་ཉིད། ཁུངས་ལྡན་གྱི་བསྟན་རྩིས་རེ་ཟུང་དང་རྒྱ་གར་ནས་བདུད་འཇོམས་ཀྱིས་བརྩམས་པའི་བོད་ཀྱི་ཆོས་འབྱུང་དང་སི་ཏུའི་གནས་ཡིག་དང་། ཕྱག་ཆེན་བརྒྱུད་རིམ་སོགས་ལ་ཁུངས་གཏུག་ཏེ་བྲིས་པ་ཡིན། 

 

དེ་ལྟར་དགོན་འདིའི་བསྟན་པ་འཛིན་སྐྱོང་སྤེལ་བའི་བསྟན་འཛིན་གྱི་སྐྱེས་བུ་གསེར་གྱི་ཕྲེང་བ་ལྟར་མང་དུ་འཁྲུངས་ཏེ། དེ་ཡང་ཐོག་མར་མཚོ་ཁ་བླ་མ་དཀོན་མཆོག་ནོར་བུ་དང་ཨོ་རྒྱན་ནོར་བུ། གར་དབང་ནོར་བུ། ནོར་བུ་བཀྲ་ཤིས་སོགས་སྐྱེས་ཆེན་དུ་མ་བྱོན། དེ་བཞིན་དུ་བླ་མ་བརྒྱུད་རིམ་གསོལ་འདེབས་ལས། མཚོ་ཁ་ཤེས་རབ་དཔལ་བཟང་ཞེས་སུ་གྲགས། །ཞེས་གསུངས་པ་ལྟར་ཤེས་རབ་དཔལ་བཟང་དང་། སྨོན་ལམ་དཔལ་བཟང་། ལྷུན་གྲུབ་དཔལ་བཟང་། ཨོ་རྒྱན་དཔལ་བཟང་དང་ཆོས་ཉིད་རང་གྲོལ་སོགས་དཔལ་བཟང་མིང་ཅན་བཅུ་གསུམ་མཚམས་མ་ཆད་པར་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་ཡུལ་དགོན་འདིར་འཁྲུངས་ནས་མཚན་སྙན་དང་མཛད་པ་འཕྲིན་ལས་ཆེས་ཆེར་རྒྱས། གཞན་ཡང་གྲུབ་ཆེན་པདྨ་བདུད་འདུལ་མཚོ་ཁ་བླ་མ་ཨོ་རྒྱན་ནོར་བུ་འདི་ཉིད་ཀྱིས་ངོས་འཛིན་གནང་བར་མཛད། དེ་ཡང་པདྨ་ཉིན་བྱེད་དབང་པོས་མཚོ་ཁ་བླ་མ་ཨོ་རྒྱན་ནོར་བུ་ལ་ལུང་བསྟན་ཏེ།    གནས་ཆེན་ཨཱརྱ་གླིང་གི་བྱང་ཕྱོགས་ན། །བསྟན་འགྲོར་ཕན་པའི་གྲུབ་ཐོབ་ཆེན་པོ་ཞིག །ཕྱག་རྫོགས་དབུ་གསུམ་ཆོས་ཀྱི་ཆར་པ་ཕབ། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛུགས་དུས་འོང་། །གསོལ་བ་ཐོབ་དང་པད་འབྱུང་དངོས་བྱོན་ཡིན། །ཞེས་སོགས་ཀྱིས་ལུང་གསལ་བོར་བསྟན། ཕྱིས་སུ་པདྨ་བདུད་འདུལ་དགུང་ལོ་ཆུང་ངུའི་སྐབས་མཚོ་ཁ་དགོན་དུ་ཕེབས་ནས་ཁོང་རྣམ་གཉིས་དངོས་སུ་མཇལ་འཕྲད་གནང་བའི་ཚེ་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་ཆེ་རྟགས་སུ་གྲུབ་རྟགས་འགྲན་རེས་བྱས་པར་ངག་རྒྱུན་དུ་གྲགས། དེ་ཡང་ཐོག་མར་པདྨ་བདུད་འདུལ་སྤྱན་གསུམ་པ་ཅན་འཇིགས་པའི་ཉམས་དང་ལྡན་པ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྣམ་པ་བསྟན། དེ་ནས་བླ་མ་ཨོ་རྒྱན་ནོར་བུས་རྟ་མགྲིན་བསྙེན་པ་གསུང་བཞིན་དབུའི་སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ་གྲུ་གང་ཙམ་འབུར་བ་བསྟན་ནས་ཁོང་ཉིད་ཀྱང་ཡི་དམ་རྟ་མགྲིན་གྱི་རྣམ་སྤྲུལ་ཡིན་པ་མཚོན་པའི་བརྡར་བསྟན།

དེ་ནས་བསྟན་པ་འདི་ཡི་བདག་པོ་ཆུ་ཁ་གོང་ལྡིང་བླ་བྲང་དང་། རི་ཁྲོད་བླ་བྲང་ཁག་ལྔ་། འབྲུག་ཞིང་དབོན་པོ་སོགས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་བྱོན་ནས་ལོ་བརྒྱ་ཕྲག་འགའ་ཡི་རིང་ལ་དགོན་འདིའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེན་པོ་བྱས། རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཡོས་ཀྱི་ལོ་ལ་ཕྱི་ནང་གི་རྐྱེན་ངན་རླུང་ལྟར་འཚུབ་ཏེ་རྒྱལ་བསྟན་སྤྱི་ལ་ཉམས་སྨད་པར་གྱུར། ཁྱད་པར་དུ་བདག་ཅག་གི་དགོན་པ་འདི་ལ་མེ་ཡི་འཇིག་པ་ཚབས་ཆེན་བྱུང་ནས་འདུ་ཁང་ཕྱི་ནང་གི་བརྟེན་རྟེན་པ་ཐམས་ཅད་འཚིག་སྟེ་ཉམས་རྒུད་ཆེན་པོ་བྱུང་། ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ་སྟོང་བར་ཆགས། དེ་ནས་བཟུང་དགོན་འདིའི་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་སྲིད་ན་རྙེད་པར་དཀའ་བ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་ཞིང་བྱིན་རླབས་ཀྱི་ཚན་ཁ་བཀྲ་བའི་རྟེན་རྙིང་རྩ་ཆེན། སྐུ་བརྙན་དང་ཐང་ག ལྷ་ཆ་རོལ་མོ་ཡོ་བྱད་སོགས་མིག་གིས་མཇལ་བ་ཙམ་གྱི་སྐལ་བ་དབེན་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་དང་བསོད་ནམས་དམན་པ་ཞིག་རེད་ཨང་། ལར་ཡིན་ན་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་དགོན་པ་འདི་ལ་གདན་རབས་དང་རྟེན་གྱི་ལོ་རྒྱུས་རྒྱས་པར་མཆིས་ན་ཡང་། མེ་སྐྱོན་དེའི་དབང་གིས་དགོན་འདིའི་ལོ་རྒྱུས་དང་ཆོས་འབྱུང་རྣམས་བོར་བརླགས་སོང་བས་ལོ་རྒྱུས་རྒྱས་པ་དང་ཇི་བཞིན་པ་བྲི་བའི་རྔོ་མ་ཐོགས། 

དེ་ནས་ལོ་བཅུ་ཕྲག་འགའ་སོང་སྐབས་སླར་ཡང་རྒྱལ་ཁབ་ཀྱིས་ཆོས་སྒོ་ཕྱེས། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལ་མཚོ་ཁ་བླ་མ་ཨ་བརྟན་དང་བླ་མ་ཨ་ཀུན་བསྟན་འཛིན་དབང་ཕྱུག་སྟེ་མཚོ་ཁ་བླ་མ་རྣམ་གསུམ་དུ་གྲགས་པའི་གཙོས་ཡུལ་དགོན་ཀུན་གྱིས་འདུན་པ་གཅིག་དྲིལ་གྱིས་དགོན་པ་སླར་གསོ་བྱེད་པའི་གྲོས་ཆོད་བྱུང་། དེ་ནས་ཐོག་མར་སྲུང་མའི་མགོན་ཁང་དང་ནང་རྟེན་མགོན་པོ་བེར་ནག་ཅན་གྱི་སྐུ་ཆུ་ཕག་ལོར་བཞེངས་གྲུབ། གྲུབ་བརྙེས་ཀྱི་སྐྱེས་བུ་དུ་མ་བྱོན་ནས་བརྟེན་དང་རྟེན་པ་བཅས་ལ་རབ་གནས་ལེགས་པར་མཛད་ནས། སྔར་ལྟར་བྱིན་རླབས་གཟི་བྱིན་ཆེ་བ་ཞིག་བྱུང་ངོ་། །དེ་ནས་རིམ་བཞིན་གཙུག་ལག་ཁང་དང་ནང་རྟེན་གུ་རུའི་ཟངས་སྐུ་ཐོག་བརྩེགས་མ་སོགས་སྐུ་གསུང་ཐུགས་རྟེན་མི་ཉུང་བ་བཅས་བསྐྱར་བཞེངས་མཛད། ད་ལྟ་དགོན་འདིའི་ཕྱི་ནང་གསང་གསུམ་གྱི་འགན་འཛིན་མཁན་དང་བསྟན་པ་དང་དགོན་པ་ལ་གཟིགས་སྐྱོང་གནང་མཁན་གཙོ་བོ་ནི་བླ་མ་ཨ་བརྟན་དང་བླ་མ་ཨ་ཀུན་བླ་མ་བསྟན་འཛིན་དབང་ཕྱུག་རྣམ་པ་གསུམ་གྱིས་དགོན་པའི་འགན་ཡོངས་རྫོགས་བཞེས་ཏེ་དགོན་པ་སླར་ཡང་ཉམས་གསོ་བྱས་ནས་བསྟན་པ་རྨང་ནས་གསོ་བར་མཛད།  ཡུལ་དགོན་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། བླ་མ་ཨ་བརྟན་ལགས་ནི་སྤྱི་ལོ ༡༩༨༥ ལོར་རེ་ཞིག་མཛད་པ་མཐར་ཕྱིན་པར་མཛད་ནས་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། བླ་མ་ཨ་ཀུན་དང་བླ་མ་བསྟན་འཛིན་དབང་ཕྱུག་རྣམ་གཉིས་ཀྱིས་དགོན་པའི་འགན་བཞེས་མཛད་ནས་ཡུན་རིང་དུ་དགོན་འདིའི་བསྟན་པའི་བདག་པོ་མཛད། སྤྱི་ལོ ༡༩༩༥ ལོར་བླ་མ་ཨ་ཀུན་དགོངས་པ་ཆོས་དབྱིངས་སུ་ཐིམ། དེ་རྗེས་སུ་བླ་མ་བསྟན་འཛིན་དབང་ཕྱུག་གིས་དགོན་འདིའི་བསྟན་པའི་བདག་པོ་མཛད་བཞིན་བཞུགས་ཡོད། བདག་ཅག་སྡེ་འབངས་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བླ་མ་བསྟན་འཛིན་དབང་ཕྱུག་མཆོག་གི་ཕྱི་ནང་གསང་བའི་རྣམ་ཐར་མདོར་བསྡུས་ཙམ་ཞིག་དམིགས་གསལ་གྱིས་ཞུ་ན། ཁོང་ནི་ཆུང་ངུའི་དུས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་དམ་པའི་ངང་ཚུལ་ལྷན་སྐྱེས་སུ་མངའ་བ། ངོ་མཚར་གྱི་མཛད་རྗེས་བླ་ན་མཐོ་བ། འཕགས་ནོར་བདུན་སོགས་དམ་པའི་སྐྱེས་བུའི་ཡོན་ཏན་མ་ཚང་བ་མེད་པ། ལྷ་འབྲི་དང་སྨན་སོགས་བཟོ་དང་གསོ་བ་རིག་པའི་གནས་རྣམས་མ་སྦྱང་ལྷན་སྐྱེས་ཀྱི་ཚུལ་དུ་མཁྱེན་པ། ཁོང་དགུང་ལོ་བཅུ་གསུམ་སྐབས་བྱིས་པ་འགའ་དང་མཉམ་དུ་སྐུ་རྩེད་བྱེད་སྐབས་དགོན་འདིའི་རྟེན་ཁྱད་པར་ཅན་སྤྱན་རས་གཟིགས་སེང་གེ་སྒྲ་ཞེས་པའི་སྐུ་བརྙན་ཞིག་ཡོད་པ་དེ་ཁོང་གིས་རྐྱེན་བྱས་ཏེ་ཆག་སྐྱོན་བྱུང་བར། སྐབས་དེའི་དགེ་སྐོས་ལས་སྣེ་མོ་དག་གིས་བཀའ་བཀྱོན་དང་རྡུང་བརྡེགས་བརྩམས་དུས། ཁོང་གིས་ང་ལ་མ་རྡུང་དང་སྐུ་བརྙན་དེ་ངས་སྔར་བཞིན་བཟོ་ཐུབ་པ་བྱེད་ཡོང་གསུངས་ནས། སྤྱན་གཟིགས་སེང་གེ་སྒྲའི་སྐུ་བརྙན་སྔར་བས་ཀྱང་མཛེས་སྡུག་ལྡན་པ་དང་བྱོན་ལེགས་པ་ཞིག་བཟོས་པས་ཐམས་ཅད་ཡ་མཚར་ཏེ་མངོན་པར་བསྟོད། རྗེས་སུ་ཁོང་ཉིད་སྐུ་ན་སོན་སྐབས་ཨ་འཛོམས་འབྲུག་སྤྲུལ་ མཉེས་པ་གསུམ་གྱིས་རྩ་བའི་བླ་མར་བསྟེན། མདོ་སྔགས་གཞུང་ལུགས་ཡོངས་དང་དམ་ཆོས་རྫོགས་པ་ཆེན་པོ་དང་བཅས་གསན་བསམ་སྒོམ་པ་དཔྱིས་ཕྱིན་པ་མཛད། བླ་མ་ཡོན་ཏན་མགོན་པོའི་སྐུ་མདུན་ནས་བཀའ་བརྒྱུད་ཀྱི་དབང་ལུང་མན་ངག་མང་དུ་གསན། དམ་པའི་ཚུལ་དགུས་ཕྱུགས་ཤིང་གྲུབ་བརྙེས་རིག་འཛིན་ཆེན་པོ་བླ་མ་བསྟན་འཛིན་དབང་ཕྱུག་གང་ཉིད་ཀྱིས་དགོན་འདིའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་གི་འགན་བཞེས་པར་མ་ཟད་རྟེན་བཞེངས་མང་དུ་མཛད། དེ་ཡང་གྲུབ་ཆེན་ཐར་པ་རྒྱལ་མཚན་གྱི་སྐུ་དང་། མགོན་པོ་བེར་ནག་ཅན་གྱི་སྐུ། མ་མོ་དམ་ཅན་གུ་རུ་སྣང་སྲིད་ཟིལ་གནོན་སོགས་ཀྱི་སྐུ་བརྙན། གཞན་ཡང་ཁྲོ་བོའི་འབག་ཐམས་ཅད་ཀྱང་བླ་མ་ཁོང་གིས་ཕྱག་བཟོ་མཛད་པ་ཡིན། ཁོང་ནི་སྤྲུལ་པའི་ལྷ་བཟོ་ཉིད་དུའང་གྲགས། མ་ཟད་ཁོང་ནི་གསོ་བ་རིག་པའི་གཞུང་ལུགས་ལ་བྱང་ཆུབ་ཅིང་སྨན་གྱི་སྡེབས་སྦྱོར་དང་ལག་ལེན་ལ་ཉམས་མྱོང་ལྡན་པས། ཕྱོགས་དང་རིས་སུ་མ་ཆད་པའི་ཉམ་ཐག་ནད་པ་མང་བོ་ནད་ལས་གྲོལ་བར་མཛད་ཅིང་དཀའ་ཚེགས་དང་འོ་བརྒྱལ་ལ་མི་འཛེམས་པར་ཐུགས་བརྩེ་བ་ཆེན་པོས་བསྐྱངས་པར་མཛད། བྱམས་སྙིང་རྗེ་ཅན་གྱི་བླ་མ་ཟེར་ན་མཚོ་ཁ་དགོན་པའི་བླ་མ་བསྟན་འཛིན་དབང་ཕྱུག་ལྟ་བུ་ཡིན་ཞེས་ཡོངས་སུ་གྲགས། ད་ལྟ་དགོན་པ་དང་ལྷ་སྡེ་སློབ་འབངས་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དང་མགོན་སྐྱོབ་དཔུང་གཉེན་དུ་སྐུ་འཚོ་ཞིང་བཞེས་པའོ། །ཕྱིས་སུ་སྤྱི་ལོ ༢༠༠༨ ལོར་བོད་ཟླ་བཞི་བའི་ཚེས་དགུ་ལ་གློག་གི་འགལ་རྐྱེན་བྱུང་སྟེ་འདུ་ཁང་ཆེན་མོ་དང་མགོན་ཁང་སྤྱི་ཁང་སོགས་མེའི་འཇིགས་པ་བྱུང་ནས་མེད་བརླགས་སུ་སོང་། འོན་ཀྱང་བློ་ཡུལ་ལས་འགོངས་པ་ཞིག་ལ་མགོན་པོ་བེར་ནག་ཅན་གྱི་ཐུགས་ཀའི་གཟུངས་གཞུགས་མེས་གནོད་སྐྱོན་ཅི་ཡང་མ་བྱུང་བར་ད་ལྟ་ཡང་གསར་དུ་བཞེངས་པའི་མགོན་པོའི་ཐུགས་ཀའི་གཟུངས་གཞུགས་སུ་བཞག་ཡོད། དགོན་པའི་རྟེན་གྱི་གཙོ་བོ་དང་མཆོད་ཆ་འགའ་ཤས་མ་གཏོགས་གཞན་ཐམས་ཅད་མེ་སྐྱོན་གྱི་སྐབས་སུ་མེད་བརླགས་སུ་གྱུར། དེ་ནས་བླ་མ་བསྟན་འཛིན་དབང་ཕྱུག་མཆོག་དབུ་བཞུགས་འོག་ཡུལ་དགོན་གཉིས་ཀྱིས་གྲོས་མཛད་དེ་དགོན་པ་སླར་ཡང་གསར་བཞེངས་བྱེད་པར་ཐག་བཅད། ཡུལ་དགོན་གཉིས་ཀྱིས་རྒྱུ་ཚགས་ཕུད་དེ་དགོན་པ་བསྐྱར་བཞེངས་མཛད། ད་ལྟ་བརྟེན་རྟེན་པ་དང་བཅས་པ་ལེགས་འགྲུབ་བྱུང་། མ་ཚད་བཤད་གྲྭ་དང་སྒྲུབ་གྲྭ་སློབ་གྲྭ་སོགས་གྲྭ་གསུམ་གསར་དུ་ཚུགས། སླར་ཡང་ལུང་རྟོགས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་ཡོད། དེས་ན་དགོན་འདི་རབ་བྱུང་བཞི་བའི་ཐོག་མ་མེ་ཡོས་ལོ་ལ་བཏབ་པར་གྲགས་པས་ད་བར་ལོ ༨༡༡ འདས་ཡོད། སྔར་ཉག་རོང་ས་ཁུལ་དུ་བོན་པོ་དགོན་པ་རེ་མ་གཏོགས་བཀའ་རྙིང་སོགས་ཀྱི་གྲུབ་མཐའ་འཛིན་པའི་དགོན་པ་གཅིག་ཀྱང་མེད་པ་འདྲ། དེ་ནས་དང་པོ་བཀའ་བརྒྱུད་ཀྱི་སྲོལ་འཛིན་པའི་མཚོ་ཁ་དགོན་འདི་ཆེས་སྔོན་མར་ཆགས་པ་ཡིན། དེ་ཡང་གྲུབ་ཏེ་ངག་རྒྱུན་དུ་ཉག་རོང་ས་ཁུལ་དུ་རྟེན་གསུམ་དང་གནས་གཉིས་ཞེས་གྲགས་པ་ལས་རྟེན་དང་པོ་མཚོ་ཁ་དགོན་པ་འདི་ཡིན་པ་ཀུན་གྱིས་ཞལ་མཐུན་པར་སྨྲ་བས་སོ། །

དེ་ནས་རབ་བྱུང་བརྒྱད་པའི་ས་མོ་ཡོས་ལ་ལྕགས་བདུད་ཤེས་རབ་རྒྱལ་མཚན་འཁྲུངས། ད་བར་དུ་ལོ ༥༧༤ འདས། ཁོང་དགུང་ལོ་སོ་གསུམ་པ་སྟེ་ལྕགས་ཕག་ལོ་ལ་ཉག་རོང་ལྕགས་མདུད་དགོན་པ་ཕྱག་བཏབ། དགོན་འདི་ཕྱག་བཏབ་ནས་ལོ ༥༤༢ སོང་ཡོད། མ་ཟད་ཉག་བླ་ཤེས་རབ་རྒྱལ་མཚན་མཚོ་ཁ་དགོན་དུ་བྱོན་ཏེ་ལྷ་ཁང་ལ་དཔེ་གཟིགས་མཛད་པ་སོགས་ཁོང་ཉིད་ཀྱི་རྣམ་ཐར་ལས་གསལ། དེས་ན་ཉག་རོང་ཡུལ་དུ་མཚོ་ཁ་དགོན་འདི་ནི་ཆེས་ཆགས་སྔ་བའི་དགོན་སྡེ་ཡིན་པ་རྒྱུ་མཚན་འདི་དག་ལ་གཞིགས་ནའང་རྟོགས་ཐུབ། 


简介2-1.jpg

གནས་ཡིག 

 

དེ་ཡང་མཚོ་ཁ་ཨཱརྱ་གླིང་གི་གནས་མཆོག་ནི་བྱིན་རླབས་ཆེ་ལ་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡིན། སྟེང་ན་གཡའ་རི་སེང་གེ་འགྱིང་བ་དང་འདྲ་བ། རྩེ་མོ་ཨིནྡྲ་ནི་ལའི་མདོག་ལྟར་ཚང་ཚིང་གི་སྒྲིབ་གཡོག་དང་བྲལ་བར་མངོན་པར་མཐོ་ལ་བརྗིད་ཆགས་པ། ཕྱག་རྫོགས་སྒོམ་པ་པོ་དག་གིས་ཀུན་བཟང་རྡོ་རྗེ་འཆང་གི་རང་ཞལ་སྒྲིབ་གཡོག་དང་བྲལ་བ་མངོན་སུམ་དུ་མཐོང་ཐུབ་པ། དེའི་ཉེ་འཁོར་དུ་སྔོན་བྱོན་གྲུབ་བརྙེས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་མཚན་མངོན་པར་བཀྲ་བ། ཇི་སྐད་དུ་སི་ཏུ་ཉིན་བྱེད་དབང་བོའི་གནས་ཡིག་ལས། ས་འཛིན་རྩེ་མོ་ཨིནྡྲ་ནི་ལའི་མདོག །ཚང་ཚིང་གཡོག་བྲལ་ལྷག་གེར་སྣང་བ་ཡི། །ཀུན་བཟང་རྡོར་འཆང་རང་ཞལ་སྒྲིབ་བྲལ་བ། །ཉེར་མཚོན་བླ་མས་བྱིན་གྱིས་བརླབས་པའི་བརྡ། །ཞེས་པ་བཞིན་ནོ། །དེ་ཡང་གཡའ་རི་སེང་གེ་འདྲ་བ་འདི་འཕགས་པ་ཐུགས་རྗེ་ཆེན་པོའི་གནས་ཡིན། སེང་གེ་དཀར་མོ་ཞབས་ལ་ཆིབས་པའི་རྣམ་པ་རྒྱང་ནས་བལྟས་ན་གསལ་བར་མཐོང་ཐུབ། དེ་ལྟར་ཡིན་པ་ཡང་མཚོ་ཁ་ཆོས་ཉིད་རང་གྲོལ་གྱི་ཡང་སྲིད་ཀུན་བཟང་བསམ་གཏན་བསྟན་འཛིན་ནམ་མཁའ་ཨོ་རྒྱན་མཐུ་སྟོབས་གླིང་པའི་གནས་ཡིག་ལས། ཨོཾ་མ་ཎི་པདྨེ་ཧཱུྃཿ གནས་འདི་ཐུགས་རྗེ་ཆེན་པོའི་གནས། །ཞིང་འདི་དབང་ཆེན་རྟ་མགྲིན་ཞིང་། །དབྱིངས་འདི་རྡོ་རྗེ་ཕག་མོའི་དབྱིངས། །ཞེས་གསུངས་པས་སོ། །དེས་ན་སྟེང་གཡའ་རིའི་རྩེ་ན་རིག་འཛིན་རྩ་བརྒྱུད་ཀྱི་བླ་མའི་བྱིན་རླབས་ཀྱི་གཟི་འོད་འཕྲོ་ས། རྩ་གསུམ་བླ་མ་སྒྲུབ་པའི་གནས་མཆོག་ཉིད་དུ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། བར་དུ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་སྤྲིན་ལྟར་འདུ་བའི་གནས། ཞི་བའི་རྣལ་འབྱོར་ཅན་རྣམས་ཀྱི་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་གནས་མཆོག་ཤིན་ཏུ་ཉམས་དགའ་བ། ནགས་ཚལ་ཡིད་དུ་འོང་བ་འབྲས་ལྡན་གྱི་འཁྲི་ཤིང་ཙན་དན་སོགས་ཤིང་རིགས་སྣ་ཚོགས་ཀྱིས་བརྒྱན་པ། འདི་ལ་ནི་བར་དུ་ཡི་དམ་སྒྲུབ་པ་ཉིད་དུ་བསྔགས་སོ། །དེ་ཡང་སྔ་མའི་ལུང་དེ་ཉིད་ལས། བར་དུ་འབྲས་ལྡན་ལྗོན་པའི་འཁྲི་ཤིང་དང་། །རྩ་ལྡུམ་གོལ་པ་སོགས་ཀྱིས་ཡོངས་གཏམ་པ། །ཡི་དམ་ཞི་ཁྲོ་དཀྱིལ་འཁོར་རབ་འབྱམས་ཀྱི། །སྒྲུབ་པོར་གྲུབ་གཉིས་འདོད་དགུ་སྦྱིན་པའི་བརྡ། །དེ་ལྟར་བར་དུ་ཡི་དམ་རྒྱུད་སྡེ་སྒྲུབ་པའི་གནས་ཉིད་དུ་བསྔགས་སོ། །མཐའ་སྐོར་དུ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་ཚོགས་ཀྱིས་ཡོངས་སུ་སྐོར་སྲུང་བར་མཚོན་པའི་བརྡ་རུ་བྲག་རི་རྩུབ་ཅིང་རྣོ་བ་ནགས་ཚལ་སྟུག་པོས་ཡོངས་སུ་བསྐོར་བ། དེ་ཡང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བར་ཆད་སྲུང་ཞིང་འགལ་རྐྱེན་སེལ་བ་ལས་བཞི་རྒྱུན་དུ་སྒྲུབ་པའི་གནས་ཡིན་པར་གྲགས། དེ་ལྟར་ཡིན་པ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། ཟ་མ་བྲག་རི་རྩུབ་རྣོ་གཟེང་བ་དང་། །ནགས་ཚལ་སྟུག་པོའི་ཕྲེང་བས་ཡོངས་བསྐོར་བ། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། །བར་ཆད་བགེགས་སྲུང་འགལ་རྐྱེན་སེལ་བའི་བརྡ། །ཞེས་གསུངས་སོ། །དེ་ཡི་སྟེང་འོག་བར་གསུམ་དུ་རྩ་གསུམ་རྒྱུན་དུ་བཞུགས་པའི་གནས་མཆོག་ཁྱད་པར་ཅན་དུ་མཁས་གྲུབ་རྣམས་ཀྱིས་ཡང་དང་ཡང་དུ་བསྔགས་བརྗོད་ཀྱི་གཏོར་བའོ། །

དེ་ཡང་གནས་མཆོག་ཉམས་དགའ་འདི་ཡི་གཡས་ན། ལྷ་ས་ཡར་ཀླུང་ཤེལ་བྲག་གི་གནས་ཀྱི་ཡན་ལག་ཤེལ་གྱི་བྲག་དཀར་ངོ་མཚར་ཅན་གྱི་རྡོ། ཤེལ་གྱི་རང་བཞིན་ལ་གཟུགས་བརྙན་ཅི་ཡང་མཐོང་དུ་རུང་བ་ཡར་ཀླུང་ཤེལ་བྲག་དངོས་སུ་མཇལ་བ་དང་ཁྱད་མེད་པ་ལྟ་བུ་གནས་འདི་ཡི་གཡས་ན་ད་ལྟར་གང་ཟག་སུས་ཀྱང་མཇལ་དུ་རུང་བ་ཞིག་ཡོད། གནས་འདིའི་གཡོན་ན་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་གནས། སྔོན་གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་བདུད་འདུལ་དགོན་འདིར་བྱོན་སྐབས། རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་གནས་ཀྱི་ཉེ་འདབས་སུ་སླེབས་དུས་སྒྲོལ་མ་ཉེར་གཅིག་དངོས་སུ་ཁོང་ཉིད་བསུ་མར་བྱོན་པ་མཐོང་བས། ཁོང་ཉིད་ཡ་མཚན་དད་གུས་བཅས་ཕྱག་འཚལ་སྐབས་པུས་མོ་རྡོ་ལ་བསྣུབས་པའི་རྗེས་ད་ལྟ་ཡང་མཇལ་དུ་ཡོད། སྒྲོལ་མའི་གནས་འདི་རུ་མཁར་རྔ་རང་བྱོན་དང་། བཀྲ་ཤིས་ནོར་བུ་དགའ་འཁྱིལ་སོགས་གནས་ངོ་མཚར་ཅན་མང་བོ་དད་གསུམ་མིག་གི་དགའ་སྟོན་དུ་མཇལ་དུ་ཡོད། དེ་ཡང་ཨོ་རྒྱན་མཐུ་སྟོབས་གླིང་པས། ཕྱི་ལྟར་སྤྱན་གཟིགས་སྒྲོལ་མ་སྟེ། །ནང་ལྟར་རྟ་ཕག་གསང་བའི་གནས། །རིག་འཛིན་མཁའ་འགྲོའི་ཞིང་ཁམས་འདིར། །ཞེས་གསུངས་པ་ལྟར་རོ། །གནས་འདི་ཕྱི་ལྟར་ན་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་གནས་རི། ནང་ལྟར་ན་རྟ་མགྲིན་དང་རྡོ་རྗེ་ཕག་མོའི་གནས་མཆོག གསང་བ་ལྟར་ན་རིག་པ་འཛིན་པ་མཁའ་འགྲོ་མ་འདུ་བའི་གནས་ཉིད་དུ་ཤེས་པར་བྱའོ། །གཞན་ཡང་ཨཱརྱ་གླིང་གི་ཡང་དབེན་རིག་འཛིན་དགྱེས་པའི་གནས་ཁྲོད་ཀྱི་གནས་བསྟོད་ལས། གསེར་ལྡན་དལ་བབས་རྣ་ཆ་ཅན། །ས་སྤྱོད་མཐོང་བ་ཀུན་སྨོན་གླིང་། །ཕྱི་ལྟར་འཇིག་རྟེན་དབང་ཕྱུག་དང་། །ནང་ལྟར་རྟ་ཕག་གསང་བའི་གནས། །རིག་འཛིན་མཁའ་འགྲོའི་ཞིང་ཁམས་འདིར། །སྨོན་ལམ་དབང་གི་བརྟེན་རྟེན་པ། །སྐུ་གསུམ་ལྷུན་རྫོགས་གནས་མཆོག་འདིར། །རིག་འཛིན་ཀརྨ་བཀའ་ཡི་འབངས། །རྣལ་འབྱོར་སྒྲུབ་པའི་དྲོད་ཟིལ་ཞིང་། །ལེགས་ཉེས་ཏིང་འཛིན་ཀུན་གྱི་གནས། །ཞེས་གསུངས་པ་ལྟར་གནས་འདིའི་ཕྱི་ནང་གསང་གསུམ་སངས་རྒྱས་བྱང་སེམས་དང་ཡི་དམ་སྒྲུབ་པ་བཀའ་བརྒྱུད་ཀྱི་གནས་མཆོག བརྟེན་དང་རྟེན་པ་རང་བྱུང་ལྷུན་གྱིས་གྲུབ་པ། རྒྱལ་དབང་ཀརྨ་པའི་སྐུའི་ཕྲེང་བས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་གདན་ས་ཁྱད་འཕགས་འདི་ཉིད་ཀྱི་ལོ་རྒྱུས་ཇི་བཞིན་པར་བརྗོད་ལས་འདས་སོ། །དེས་ན་གཡའ་རི་སེང་གེ་འདྲ་བ་འདི་ནི་ཤར་སྟོད་རྨ་རྒྱལ་སྦོམ་རའི་གནས་ཀྱི་ཡན་ལག་ཡིན་པ་ཡང་ཕྱག་ཆ་དང་སྐུ་མདོག་སོགས་ཀྱིས་གསལ་བར་ཤེས་ནུས་ཏེ། འཇའ་ལུས་པ་པདྨ་བདུད་འདུལ་གྱི་གཡའ་རི་སེང་གེའི་གསང་ཡིག་ལས། དཀར་ཕྱོགས་སྐྱོང་ཞིང་གདོང་གྲོགས་བྱེད་པོ་ནི། །ཡུལ་གྱི་བདག་པོ་གཡའ་རི་སེང་ཆེན་པོ། །གསང་མཚན་ཡེ་ཤེས་མགོན་པོ་ཐོག་རྒོད་རྩལ། །སྐུ་མདོག་དཀར་པོ་རྩལ་ཆེན་སེང་གེ་ཆིབས། །ཕྱག་གཡས་རྒྱལ་མཚན་གཡོན་པས་ཆོས་དུང་འབུད། །དགེ་བསྙེན་ཆ་ལུགས་སྤྲུལ་པ་སྣ་ཚོགས་ཅན། །ཞེས་པ་ལྟར་གནས་འདི་གཞི་བདག་རྨ་རྒྱལ་སྦོམ་ར་དང་འདྲ་བས་དེའི་ཡན་ལག་ཏུ་གྲགས་སོ། །ཡུལ་སྡེ་འདི་ལ་ཡང་རྨ་རི་ཞེས་འབྲི་སྲོལ་ཡོད་ཀྱང་དེང་སང་འདྲ་མིན་སྣ་ཚོགས་ཤིག་བྲིས་འདུག 

 

མཚོ་གནས་ངོ་སྤྲོད།


简介3-1.jpg


དེ་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་ཐར་པ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་དབུས་སུ་གཏན་དུ་འཁྱིལ་པའི་གཡུ་མཚོ་ནི་ངེས་པའི་དོན་དུ་དཔལ་ཆེན་ཕྱག་ན་རྡོ་རྗེའམ་མགོན་པོ་བེར་ནག་ཅན་གྱི་དགྱེས་མཛད་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོ་དང་གཉིས་སུ་མ་དམིགས་ཀྱང་། རྣམ་པ་སྣང་ཚུལ་ལ་རྡོ་རྗེ་བེར་ནག་ཅན་གྱི་གཟུགས་བརྙན་གསལ་བར་སྣང་བས། མཚོ་འདི་ནག་པོ་ཆེན་པོའི་ཕོ་བྲང་ཉིད་དུ་གྱུར་ན་ཡང་། གདུལ་བྱ་ཐུན་མོང་ཕལ་པ་རྣམས་ཀྱི་སྣང་ངོ་ལ་ཀླུ་ཡི་དགེ་བསྙེན་ཆེན་པོ་དུང་སྐྱོང་དཀར་པོའི་བུས་བསྟེན་པའི་ཚུལ་དུ་སྣང་ངོ་། །དེ་ལྟར་སི་ཏུའི་གནས་ཡིག་ལས། ཁྱད་པར་དབུས་སུ་གཏན་འཁྱིལ་ཆུ་མཚོ་ནི། །ངེས་པའི་དོན་དུ་དགྱེས་མཛད་ཧེ་རུ་ཀའི། །དཀྱིལ་འཁོར་ཁྱེད་དང་གཉིས་སུ་མ་དམིགས་ཀྱང་། །རྣམ་པ་རྡོ་རྗེ་བེར་གྱི་སྣང་བརྙན་ཚུལ། །གསལ་བར་སྣང་བའི་ནག་པོ་ཆེན་པོ་ཡི། །ཕོ་བྲང་ཉིད་གྱུར་ཐུན་མོང་ཕལ་གྱི་ངོར། །དགེ་བསྙེན་ཆེན་པོ་དུང་སྐྱོང་བུས་བསྟེན་པ། །སྙིང་པོ་གནས་སུ་ཤེས་པས་ལན་བརྒྱར་བསྔགས། །ཞེས་གསུངས་པ་ལྟར་རོ། །མཚོ་འདི་ཐ་མལ་ཆུ་མཚོ་ལྟ་བུ་མ་ཡིན་པར་མགོན་པོ་བེར་ནག་ཅན་རང་བྱོན་དངོས་ཡིན་པ་དང་། འདི་རྒྱང་ནས་བལྟས་ན་མགོན་པོ་དང་པོའི་གཟུགས་བརྙན་གསལ་བར་མཐོང་བ། དེས་ན་སི་ཏུ་དགོན་འདིར་བྱོན་སྐབས་ཁོང་གི་གཟིགས་སྣང་ལ་མཚོ་འདིའི་དབུས་སུ་མགོན་པོ་བེར་ནག་ཅན་ལ་འཁོར་ཕྱོགས་བཅུའི་མགོན་པོས་བསྐོར་བ་གཟིགས་སོ། །མདོ་ཁམས་སྟོད་ན་རྡོའི་མགོན་པ་དང་སྨད་ན་མཚོའི་མགོན་པོ་གཉིས་སུ་གྲགས་པར་ལས་སྨད་ཀྱི་མཚོའི་མགོན་པོ་ནི་མཚོ་ཁའི་མཚོ་འདི་ཡིན། དེས་ན་མཚོ་འདི་ནི་དྭངས་ཤིང་རྙོག་པ་མེད་པ་ཡངས་ཤིང་རྒྱ་ཆེ་བ། བསྐལ་བ་བཟང་བོའི་དུས་སུ་ཡུན་རིང་ཁོལ་དུ་འབྱུང་བ་འཇའ་ཚོན་བཀྲ་བ། འགྲོ་འདུལ་སེམས་དཔའ་ཆེན་པོ་འབྱོན་པའི་ཚེ་ཡང་ཡ་མཚན་ཆེ་བའི་ལྟས་བཟང་མཚོ་གནས་རྟ་གླང་ལ་སོགས་པ་འདྲ་མིན་སྣ་ཚོགས་སྣང་བ། བྱིན་རླབས་ཀྱི་ཆེ་བ་ དང་སྐོར་བ་ལན་གཅིག་བྱས་པ་ཙམ་གྱིས་ཐར་པའི་ས་བོན་ཐེབས་ནུས་པའི་བྱིན་རླབས་ཀྱི་ཆེ་བ་ཉིད་དུ་གྲགས་སོ། །དེང་སྐབས་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ ༢༠༠༢ ལོའི་ས་ག་ཟླ་བའི་སྟོན་པ་ལྷ་བབས་ཀྱི་དུས་ཆེན་ལ་དད་ལྡན་ཞབས་སྐོར་པ་རྣམས་ཀྱིས་མཚོ་ནང་ནས་སྐུ་མདོག་གསེར་ལྟ་བུ་ལྟ་བས་ཆོག་མི་ཤེས་པ་ཞིག་མཚོའི་སྟེང་ནས་འོང་ཏེ་སླར་མཚོ་གཏིང་དུ་སོང་བ་ཐུན་མོང་དུ་མིག་གིས་དངོས་སུ་མཐོང་། མཐོང་མཁན་གྱི་མི་དེ་དག་ད་ལྟ་ཡང་ཡོད། དེ་ལྟར་ངོ་མཚར་བའི་མཚོ་འདི་ཡི་གནས་བདག་ཤམ་ཁ་པ་ལིང་ཡང་ཡིག་ལས། དེའི་མགོའི་གཡུ་མཚོ་ཆེན་པོ་མེར་བའི་ཀློང་། །རིན་ཆེན་ལས་གྲུབ་ཁང་བཟང་མཛེས་པའི་དབུས། །པད་ཟླ་གླང་བོའི་སྟེང་དུ་དགེ་བསྙེན་ཆེ། །མདོག་མཐིང་སྦྲུལ་གྱི་ཐོད་ཅན་དར་དམར་གྱི། །བེར་གསོལ་ནོར་བུའི་ཚོགས་ཀྱིས་རྒྱན་ཆས་སྒེག །ཕྱག་གཡས་ནོར་བུའི་རྒྱལ་མཚན་ནམ་འཁར་ཕྱར། །གཡོན་པས་ཡིད་བཞིན་ནོར་འཛིན་གཞོན་ནུའི་ཚུལ། །ཞེས་གསུངས་པ་ལྟར་མཚོ་བདག་ཤམ་ཁ་ལི་ཕོ་བྲང་ཕྱག་ཆ་དང་བཅས་པ་མཇལ་བ་ཡང་མང་ངོ་། །གཞན་ཡང་མཚོ་འདིའི་ལོ་རྒྱུས་ནང་དུ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་གསང་གྲོགས་ཡེ་ཤེས་མཚོ་རྒྱལ་བླ་མཚོ་རྣམ་པ་བཞི་ཡོད་པ་ལས་ཁྱད་པར་དུ་འཕགས་པའི་བླ་མཚོ་འདི་ཉིད་ཡིན་པར་གྲགས་སོ། །

དེ་བས་རྨ་རི་མཚོ་ཁ་དགོན་ཞེས་བྲི་དགོས་པས་འདི་ཆགས་སྡང་དང་རང་ག་བར་སྨྲས་པ་མ་ཡིན་ཏེ་སྔོན་ནས་ད་བར་གྱི་ལོ་རྒྱུས་དང་ངག་རྒྱུན་ཁུངས་ལྡན་དག་ལ་གཞི་བྱས་པ་ཡིན། དེ་ལྟ་བུར་མཚོ་ཁ་ཨཱརྱ་གླིང་གི་ལོ་རྒྱུས་དང་གནའ་མི་རྒན་རིམ་པ་རྣམས་ཀྱི་ངག་ལ་ཁུངས་བཅོལ་ཏེ་རྒྱས་པར་བྲིས་ན་ཤིན་ཏུ་མང་ཡང་ཡིག་ཚོགས་བསྐྱུངས་ཕྱིར་དེ་ཙམ་ལས་འདིར་མི་སྤྲོས། ཇི་སྐད་དུ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་ནས། བདག་སོགས་སྐྱེ་བ་འདི་ལ་བཀའ་བརྒྱུད་པའི། །རྗེས་སུ་སྐྱེ་ཕྱིར་དེ་ལུགས་ལོ་རྒྱུས་ཙམ། །ཅུང་ཟད་བརྗོད་པ་གཞན་ལ་གཤེ་མ་ལགས། །ཕ་རྗེས་བུ་འཇུག་ཡིན་ཁུལ་ཅུང་ཟད་སྨྲས། ཞེས་གསུངས་པ་ལྟར་སྤྱིར་སྟོན་པ་ཐུབ་པའི་དབང་བོ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ་བཟང་ངན་གྱི་དབྱེ་བ་མ་མཆིས་ཀྱང་། རང་ཉིད་ཀྱི་ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་བཟུང་ནས་ལོ་རྒྱུས་མདོ་ཙམ་ཞིག་བསྙད་པ་ཙམ་ལས། གང་ཟག་སུ་དང་གྲུབ་མཐའ་སུ་ལ་གང་གི་ལུགས་ལ་ཕྱོགས་རིས་དང་སྡང་ཞུགས་ཀྱི་ཀུན་སློང་ཞར་ཡང་མེད་དོ། །

 

སླར་སྨྲས་པ། 

ངོ་མཚར་ཆོས་ཀྱི་རྒྱ་མཚོ་འཁྱིལ་བའི་མཁར། །

མི་ནུབ་རྟ་ལྗང་དབང་པོ་འོད་སྟོང་ཅན། །

གླིང་བཞིའི་མཁའ་ལ་མཆོག་ཏུ་འཕགས་ནས་སུ། །

གངས་ལྗོངས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །

 

བསིལ་ལྡན་ཁ་བ་ཆོས་ཀྱི་ཞིང་ས་རུ། །

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་འཛིན་རྣམས། །

སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན། །

འཕྲིན་ལས་མཛད་པས་ཕྱོགས་བཅུའི་འཁོར་ལོ་ཁྱབ། །

 

འདིར་འབད་ཨཱརྱ་མཚོ་གླིང་ལོ་རྒྱུས་འདི། །

བྲིས་པའི་དགེ་མཚན་འོད་ཀྱིས་ནོར་འཛིན་ཁྱོན། །

ཀུན་ཏུ་འགེངས་ནས་དགེ་འབྲས་མངོན་དུ་གྱུར། །

བསྟན་པ་འཕེལ་རྒྱས་ཡུན་དུ་གནས་པར་ཤོག །